[420A] །།རྒྱ་གར་སྐད་དུ། མཻ་ཏྲི་བྷཱ་བན་སཱུ་ཏྲ། བོད་སྐད་དུ། བྱམས་པ་བསྒོམ་པའི་མདོ་འཕགས་པ་དཀོན་མཆོག་གསུམ་ ལ་གུས་པས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བོས་ནས་དགེ་སློང་དག་བཙུན་པ་བཅོམ་ལྡན་འདས་ཀྱི་སྦྱན་སྔར་སོ་སོར་འོངས་པ་ལ། བཅོམ་ལྡན་འདས་ ཀྱིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བྱམས་པ་བསྒོམ་པར་བྱའོ། །བསམ་པ་བརྟན་པར་བྱ་བའི་ཕྱིར་རོ། །མང་དུ་བྱེད་པ་དང་ ཞི་བར་བྱེད་པ་དང། གཞིར་བྱེད་པ་དང། རྗེས་སུ་གནས་པར་བྱེད་པ་དང། འདིས་པར་བྱ་བ་དང། ཤིན་ཏུ་བཙུན་པར་བྱའོ། །ཕན་ཡོན་བཅུ་གཅིག་པོ་སོ་སོར་བཤད་པར་ བྱའོ། །བཅུ་གཅིག་གང་ཞེ་ན། བདེ་བར་ཉལ་བ་དང། བདེ་བར་སད་པ་དང། སྡིག་པའི་རྨི་ལམ་མི་མཐོང་བ་དང། དེ་ལ་མི་རྣམས་དགའ་བ་དང། མི་མ་ཡིན་རྣམས་ [420B] ལྷ་རྣམས་ཀྱིས་བསྲུང་བ་དང། མེ་དང། དུག་དང། མཚོན་རྣམས་ཀྱིས་གནོད་བར་མི་འགྱུར་རོ། །དུས་རྟག་ཏུ་སེམས་ཤིན་ཏུ་དགའ་བར་གནས་པ་དང། བཞིན་གྱི་ མདངས་རབ་ཏུ་གསལ་བ་དང། སེམས་གསལ་བར་འཆི་བ་དང། ཆེས་ཆེར་བག་ཡོད་བར་བྱེད་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བའོ་།དགེ་སློང་དག་བྱམས་པའི་སེམས་དང་ མི་འབྲལ་བར་བྱའོ། །བསམ་བས་བརྟེན་པར་བྱའོ། །བསྒོམ་པར་བྱ་བ་དང། མང་དུ་བྱེད་པ་དང། ཞི་བར་བྱེད་པ་དང། གཞིའི་བྱེད་པ་དང། རྗེས་སུ་གནས་བར་བྱེད་པ་དང། འདྲིས་ པར་བྱ་བ་དང། ཤིན་ཏུ་བརྩོན་པར་བྱའོ། །བཅུ་གཅིག་པོ་རྣམས་ཀྱི་ཕན་ཡོན་རྣམས་སོ་སོར་བཤད་ཟིན་ཏོ། །དགེ་སློང་དག། གཞན་ པར་བྱའོ། །ཁ་ཟས་དུ་མ་ཐོབ་པ་དང། །རང་གི་ཡུལ་དུ་ཉེ་བར་གནས། །མང་པོ་རྣམས་ནི་འཚོ་བ་ནི། །གང་གིས་བྱམས་པ་མ་སྤངས་ནའོ། །གྲོང་རྡལ་གང་གང་འགྲོ་བ་དང། །གྲོང་ ཁྱེར་རྒྱལ་པོའི་ཕོ་བྲང་དང། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །གང་གིས་བྱམས་པ་མ་སྤངས་ནའོ། །དེ་ལ་ཆོམ་རྐུན་མི་འབྱུང་ཞིང། །དེ་ལ་རྒྱལ་པོ་གནོད་མི་བྱེད། །སེམས་ ཅན་ཐམས་ཅད་བཤེས་སུ་འགྱུར། །གང་གིས་བྱམས་པ་མ་སྤངས་ནའོ་།ཁྲོ་མེད་རང་ཡུལ་ །སྐྱེ་པོའི་མདུན་སར་སྨོད་མེད་དགའ། །མཆོག་གི་མཉེན་དང་ལྡན་ [421A]༄༅། །པར་འགྱུར། །གང་གིས་བྱམས་པ་མ་སྤངས་ནའོ། །མཆོད་ན་མཆོད་པ་ཐོབ་པར་འགྱུར། །འདུད་ན་སོ་སོར་འདུད་པར་བྱེད་།སྙན་དང་གྲགས་པ་ཐོབ་ པར་འགྱུར། །གང་གིས་བྱམས་པ་མ་སྤངས་ནའོ། །བཀུར་སྟི་བྱས་ན་བཀུར་སྟི་ཐོབ། །གུས་པར་བྱས་ན་གུས་པ་ཐོབ། །ཁ་དོག་གཟི་བརྗིད་ལྡན་པར་འགྱུར། །གང་གིས་བྱམས་པ་མ་སྤངས་ ནའོ༑ ༑མེ་ལྟར་རབ་ཏུ་འབར་བ་ཡི། །ལྷ་ཡི་ལུས་དང་འདྲ་བར་འགྱུར། །དཔལ་དང་བྲལ་བར་མི་འགྱུར་རོ། །གང་གིས་བྱམས་པ་མ་སྤངས་ནའོ། །ཕྱུགས་རྣམས་མང་པོ་ཐོབ་ པ་དང། །ཞིང་ལ་འབྲུ་མང་སྐྱེ་བ་དང། །བུ་དང་བུ་མོ་མང་བར་འགྱུར། །གང་གིས་བྱམས་པ་མ་སྤངས་ནའོ། །རི་ལས་ཐུར་དུ་ལྷུང་བ་དང། །ཤིང་ལས་འོག་ཏུ་ལྷུང་བ་དང། ། ལྟུང་བར་མི་འགྱུར་གནས་ས་ཐོབ། །གང་གིས་བྱམས་པ་མ་སྤངས་ནའོ། །ཕ་ཊའི་ཤིང་སྟེང་འཛེགས་གྱུར་ན། །རླུང་གིས་བསྐྱོད་བར་མི་ནུས་བཞིན། །དགྲ་བོས་ཅུང་ཟད་བྱ་མི་ ནུས༑ ༑གང་གིས་བྱམས་པ་མ་སྤངས་ནའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ པ་དང། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བྱམས་པ་བསྒོམ་པའི་མདོ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ [421B] མང་དུ་ཐོས་པའི་ལོཙྪ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས། གཙུག་ལག་ཁང་ཆེན་པོ་དཔལ་ ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སའི་སྟེང་དུ་ཉི་མ་དང། ཟླ་བ་ལྟར་གྱུར་ཅིག།།